སིཌ་ནིང་བོད་མི་ནང་ཁུལ་གྱི་དཀའ་རྙོག་དེ་ད་ནས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་པའི་གསལ་བསྒྲགས་བྱས།

ཁ་སང་ཕྱི་ཟླ་ ༦ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་ཨོ་གླིང་སྐུ་ཚབ་དོན་གཅོད་དང་། ཨོ་སི་ཊོ་ལི་ཤི་ཡ་ཁུལ་གྱི་བོད་མི་མང་སྤྱི་འཐུས། རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས། འདས་པའི་ལོ་ངོ་ ༤ ཙམ་གྱི་རིང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ཁུལ་དུ་ཡོད་པའི་བོད་མི་ནང་ཁུལ་གྱི་དཀའ་རྙོག་དེ་འགྲིག་མཐུན་བྱུང་ནས། ད་ནས་སིཌ་ནིང་བོད་མི་ནང་ཁུལ་གྱི་དཀའ་རྙོག་དེ་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་བྱུང་སོང་ཞེས་གསལ་བསྒྲགས་གནང་ཡོད་པ་རེད།

Sydney Tibetan Community

ཕྱི་ལོ་ ༢༠༢༢ ལོའི་སིཌ་ནིང་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་སྐབས། Source: Sydney Tibetan Community

གསལ་བསྒྲགས་དེའི་ནང་། “ཨོ་གླིང་སིཌ་ཎི་ཁུལ་གནས་སྡོད་རྒྱལ་གཅེས་བོད་རིགས་སྤུན་ཟླ་རྣམས་རྡོག་རྩ་གཅིག་སྒྲིལ་དང་། མཛའ་མཐུན་མཉམ་གནས་ཀྱི་སྒོ་ནས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་ནུས་པ་མཉམ་སྤུངས་བྱ་རྒྱུ་དང་། ལྷག་པར་འདས་པ་ལས་མ་འོངས་པ་གལ་ཆེར་ངོས་འཛིན་གྱིས་མདུན་སྐྱོད་ཡོང་སླད་དུ་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༨ ཉིན་ ཁེན་སྦེ་ར་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་དང་། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་རྣམ་གཉིས་ཀྱི་གཙོ་སྐྱོང་འོག སྐུ་ཚབ་དོན་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་པོ་དང་། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་དང་དྲུང་ཆེ་མགུར་འབུམ་རྒྱལ་བཅས་ནས་ཚོགས་བསྐོངས་ཀྱིས་སིཌ་ཎི་ཁུལ་གྱི་དཀའ་རྙོག་དེ་སེལ་དགོས་རྒྱུའི་གལ་གནད་དང་འབྲེལ་བའི་ལམ་སྟོན་བྱས་པ་ལྟར། སྐབས་དེར་ཚོགས་བཅར་ཞུ་མཁན་འབྲེལ་ཡོད་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་འཐུས་ཚབ་ཚོགས་གཙོ་མིག་དམར་ཚེ་རིང་དང་། དྲུང་ཆེ་རྔ་བ་ཆོས་འཛིན། རིག་གཞུང་འགན་འཛིན་བློ་བཟང་ལུང་རིགས། སིཌ་ཎི་བོད་རིགས་དང་བླངས་མི་མང་གི་འཐུས་ཚབ་ཚོགས་གཙོ་འཇིགས་མེད་རྡོ་རྗེ་དང་། ཚོགས་གཞོན་ནོར་བུ་དགྲ་འདུལ། དྲུང་ཆེ་གྲགས་པ་ཚེ་རིང་། སྤྱི་ཚོགས་ཞབས་ཞུ་བ་རྣམ་སྲས་ལྷ་མོ་བཅས་དང་གྲོས་བསྡུར་ཞུས་འབྲས་སུ། སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མིག་དམར་ཚེ་རིང་དང་། ཚོགས་གཞོན་ཐུབ་བསྟན་རྒྱལ་མཚན་གཉིས་ནས་ལས་རྒྱུན་ལྷག་མའི་རིང་ཚོགས་གཙོ་དང་ཚོགས་གཞོན་གྱི་ལས་གནས་མིན་པར་རྒྱུན་ལས་དཀྱུས་མའི་ཁོངས་སུ་བཞུགས་རྒྱུ་དང་ཚབ་གསར་ཚོགས་གཙོ་དང་ཚོགས་གཞོན་གསར་འདེམས་བྱ་རྒྱུ་དང་ཁོང་གཉིས་སྐབས་བཅོ་བརྒྱད་པའི་རྒྱུན་ལས་ཀྱི་འོས་བསྡུའི་ནང་ལངས་རྒྱུ་མིན་པ་དང་། དེ་བཞིན་སིཌ་ཎི་བོད་རིགས་དང་བླངས་མི་མང་གི་ལས་དོན་ཡོངས་རྫོགས་མཚམས་འཇོག་བྱ་རྒྱུ་བཅས་ལ་ཕྱོགས་གཉིས་ཀའི་མོས་མཐུན་ཐག་གཅོད་བྱུང་བ་བཞིན། སིཌ་ཎི་བོད་རིགས་དང་བླངས་མི་མང་ནས་༼ད་རེས་ཀྱི་འདུམ་སྒྲིག་གི་ཐག་གཅོད་ཡིག་ཆ་དེ་ལ་སིཌ་ཎི་བོད་རིགས་དང་བླངས་མི་མང་གི་རྒྱུན་ལས་ནས་མོས་མཐུན་དང་རྒྱབ་སྐྱོར་བྱེད་རྒྱུའི་ཐག་གཅོད་བྱུང་ལགས། ༽ ཞེས་འཁོད་གནས་ལ་འབྱོར་བྱུང་བ་དང་། དེ་བཞིན་སིཌ་ཎི་བོད་རིགས་མཐུན་ཚོགས་ནས་ཀྱང་༼ གྲོས་མཐུན་ཡིག་ཆ་བཞིན་རྒྱུན་ལས་ནས་ཀྱང་མོས་མཐུན་རྒྱབ་སྐྱོར་ཐོབ་པ་དང་། དེ་བཞིན་ཚོགས་གཙོ་གསར་པ་རྔ་བ་ཆོས་འཛིན་དང་། ཚོགས་གཞོན་གསར་པ་ངག་དབང་སྒྲོན་གསལ་གཉིས་ལ་གཏན་འཁེལ་བྱུང་སོང་། ༽ ཞེས་ཕུལ་འབྱོར་བྱུང་སོང་ན། ད་རེས་ཕྱོགས་ གཉིས་ཀས་སྤྱི་དོན་དང་འདས་པ་ལས་མ་འོངས་པ་གལ་ཆེར་བརྩིས་ནས་བསམ་ཤེས་བྱས་པར་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལྷག་པར་སྐབས་དེའི་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མིག་དམར་ཚེ་རིང་དང་ཚོགས་གཞོན་ཐུབ་བསྟན་རྒྱལ་མཚན་གཉིས་ནས་གུ་ཡངས་བསམ་ཤེས་དང་། སིཌ་ཎི་བོད་རིགས་དང་བླངས་མི་མང་གི་རྒྱུན་ལས་བཅས་ཕྱོགས་གཉིས་ཀས་མཐུན་སྒྲིལ་དང་སྤྱི་དོན་གལ་འགངས་ཆེ་བ་བརྩིས་པར་བསྔགས་བརྗོད་ དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། དེ་མཚུངས་གོ་སྐབས་འདི་བརྒྱུད་སིཌ་ཎི་ཁུལ་གནས་རང་རིགས་རྒྱ་ཆེ་མང་ཚོགས་ནས་ཀྱང་ད་བར་བབ་བརླིང་བརྟན་གསུམ་གྱིས་རྩ་དོན་རས་སུ་མ་བོར་བར་གནས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཞེས་བཀོད་འདུག

གཞན་ཡང་གསལ་བསྒྲགས་དེའི་ནང་། “དེ་རིང་ནས་བཟུང་སིཌ་ཎི་བོད་མི་ནང་ཁུལ་གྱི་དཀའ་རྙོག་དེ་གཙང་སེལ་བྱུང་བར་ངོས་འཛིན་གྱིས་མ་འོངས་ལས་དོན་གནང་ཕྱོགས་གཤམ་གསལ་ལྟར་ཡིན།

༡། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་བཞེས་ཀྱི་ྋསྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གཙོས་མ་འོངས་པར་གཞུང་འབྲེལ་གྱི་མཛད་སྒོ་དང་། ལས་འགུལ་ཁག་ཚང་མ་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པར་མི་མང་ཚང་མས་མཉམ་ཞུགས་དང་། ལས་དོན་ཡོངས་རྫོགས་ཚགས་ཚུད་ལམ་ལྷོང་ཡོང་བར་ཕྱར་གྲུ་མཉམ་འདེགས་གནང་གལ།

 ༢། སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་ཟུར་པ་མིག་དམར་ཚེ་རིང་དང་ཚོགས་གཞོན་ཟུར་པ་ཐུབ་བསྟན་རྒྱལ་མཚན་གཉིས་ནས་སྐབས་ ༡༨ པའི་རྒྱུན་ལས་འོས་མིར་ལངས་རྒྱུ་མིན་པའི་ཁས་ལེན་ལ་དོན་འཁྱོལ་དགོས་རྒྱུ།

༣། ད་ནས་སིཌ་ཎི་བོད་རིགས་དང་བླངས་མི་མང་གི་ལས་དོན་ཡོངས་རྫོགས་མཚམས་འཇོག་དགོས་རྒྱུ།

༤། གསལ་བསྒྲགས་འདི་སྤེལ་ཉིན་ནས་སིཌ་ཎི་ཁུལ་གྱི་དཀའ་རྙོག་ནམ་མཁའ་གཡའ་དག་དང་ས་རྡུལ་དག་གི་དཔེ་ལྟར་གཙང་སེལ་གྱིས༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་བ་ཡིན་པས། སླད་ནས་དེ་འབྲེལ་རྙོག་གླེང་བསྐྱར་དུ་མི་ཡོང་བ་ཚང་མས་འགན་འཁུར་དགོས་རྒྱུ།

 ༥། མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་། བོད་བསྟན་སྲིད་མི་རིགས་དང་བཅས་པ་ཛ་དྲག་གི་དུས་སྐབས་འདིར་ཚང་མས་གོང་བུའི་ནུས་པ་གཅིག་ཏུ་བསྒྲིལ་ཏེ་སྤྱི་པའི་རྩ་དོན་ཐོག་སྔར་ལྷག་འབད་འབུངས་གནང་གལ་ཆེ་བ་ཞུ་རྒྱུ།” བཅས་བཀོད་འདུག


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
སིཌ་ནིང་བོད་མི་ནང་ཁུལ་གྱི་དཀའ་རྙོག་དེ་ད་ནས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་པའི་གསལ་བསྒྲགས་བྱས། | SBS Tibetan